ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ཚན་རྩལ། > ཉེར་མཁོའི་ཤེས་བྱ།

༄༅།།གསོ་སྦྱོང་དང་སྨྱུང་གནས་ཆོ་ག་བསྡུས་བ་སྨོན་ལམ་བཅས་བཞུགས་སོ།།

སྤེལ་དུས། 2012-06-25 15:11:30  རྩོམ་ཁུངས། འདོན་རྟ་ཆོས་དཔེ་ལས།  རྩོམ་པ་པོ། གཅན་རྣམ་ཐར།  ཀློག་གྲངས།

༄༅།། སྤྱན་རས་གཟིགས་ཕྱག་བཞི་བ་དང་འབྲེལ་བའི་ཆོ་ག་མདོར་བསྡུས་ཉམས་སུ་ལེན་པར་འདོད་པའི་དང་པོ་གསོ་སྦྱོང་ནི། ཐོ་རེངས་ལག་རིས་མི་གསལ་བའི་དུས་སུ། རྟེནལ་ཕྱག་འཚལ་ཏེ་ཙོག་པུར་བདག་ལ་མཎྚལ་ཕུལ་ཐལ་མོ་སྦྱར།  བླ་མ་དཀོན་མཆོག་གསུམ་ལ་སྐྱབས་འགྲོ་ཞིང་།། མཁའ་ཁྱབ་འགྲོ་ཀུན་དོན་དུ་སེམས་བསྐྱེད་ནས།། ཇི་ལྟར་སྔོན་གྱི་སངས་རྒྱས་སྲས་བཅས་ཀྱིས།། འགྲོ་ལ་ཕན་ཕྱིར་གསོ་སྦྱོང་ངོས་རྟོགས་བཞིན།། བདག་གིས་ཀྱང་ནི་སང་གི་ཉི་ཤར་བར།། བསླབ་བརྒྱད་སྲུང་ཞིང་ཚུལ་ཁྲིམས་བག་ཡོད་དང་།། བརྟུལ་ཞུགས་ཡན་ལག་དག་ལ་ལེགས་གནས་པས།། བླ་མེད་བྱང་ཆུབ་དམ་པ་ཐོབ་པར་ཤོག། ཅེས་ལན་གསུམ་བཟླས།  ཨོཾ་ཨ་མོ་གྷ་ཤཱི་ལ། སཾ་བྷ་ར་སཾ་བྷ་ར། བྷ་ར་བྷ་ར། མ་ཧཱ་ཤུདྔྷ་ས་ཏྭ་པདྨ་བི་བྷུ་ཥི་ཏ་བྷུ་ཛ། དྷ་ར་དྷ་ར། སམནྟ་ཨ་ཝ་ལོ་ཀི་ཏེ་ཧཱུཾ་ཕཊ་སྭཱ་ཧྭཱཅེས་ཉེར་གཅིག་བརྗོད། ཁྲིམས་ཀྱི་ཚུལ་ཁྲིམས་སྐྱོན་མེད་ཅིང་།། ཚུལ་ཁྲིམས་རྣམ་པར་དག་དང་ལྡན།། རློམ་སེམས་མེད་པའི་ཚུལ་ཁྲིམས་ཀྱི།། ཚུལ་ཁྲིམས་ཕ་རོལ་ཕྱིན་རྫོགས་ཤོག། ཅེས་ལན་གཅིག སངས་རྒྱས་ཆོས་ཚོགས་ལ་ལན་གསུམ། སྭ་བྷཱ་ཝས་སྟོང་བར་སྦྱངས་ནས། ཆོས་ཀུན་མི་དམིགས་སྤྲོས་དང་བྲལ་བའི་ངང་།། བདག་འདུན་གནས་སུ་པདྨ་ཟླ་བའི་སྟེང་།། ཧྲིཿཡིག་ལས་འཁྲུངས་འཕགས་མཆོག་སྤྱན་རས་གཟིགས།། ཞལ་གཅིག་ཕྱག་གཉིས་རྩ་ཕྱག་ཐལ་མོ་སྦྱར།། ལྷག་མའི་ཕྱག་གིས་ཤེལ་ཕྲེང་པད་དཀར་འཛིན།། གནས་གསུམ་ཡི་གེ་གསུམ་གྱི་ལེགས་མཚན་པ།། ཐུགས་ཀའི་ཧྲི་ཡིག་འོད་ཀྱི་ལྕགས་ཀྱུ་ཡིས།། རང་བཞིན་གནས་ནས་ཡེ་ཤེས་དབང་ལྷ་བཅས།། སྤྱན་དྲངས་ཐིམ་པ་དབང་བསྐུར་རིགས་བདག་རྒྱན།། ཨོཾ་ཨཱརྱ་ལོ་ཀེ་ཤཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། སྐྱོན་གྱི་མ་གོས※※སོགས་ཀྱི་བསྟོད། ཐུགས་ཀར་ཟླ་སྟེང་ཧྲིཿཡིག་སྔགས་ཕྲེང་གིས།། བསྐོར་བ་ལས་འཕྲོས་འོད་ཀྱི་འགྲོ་ཀུན་གྱི།། སྡིག་སྒྲིབ་ཀུན་སྦྱངས་སྲས་བཅས་རྒྱལ་རྣམས་ཀྱི།། བྱིན་རླབས་མ་ལུས་བསྡུས་དེ་ཐིམ་པར་གྱུར།། ཡིག་དྲུག་ཅི་མང་བཟླས་ཏེ་ཡིག་བརྒྱས་ལྷག་ཆད་བསྐང་། གཏོར་མ་ཟག་མེད་བདུད་རྩིའི་རང་ཞན་དུ། ། གསོལ་བས་ཐུགས་རྒྱུད་མཉེས་ཤིང་ཚིམ་གྱུར་ནས།། བདག་སོགས་མཁའ་མཉམ་སེམས་ཅན་མ་ལུས་པ།། མྱུར་དུ་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས།། སྤྲོ་ན་ཕྱག་དང་བཅས་ཏེ། ཨོཾ་འཇིག་རྟེན་མགོན་པོ་ལ་ཕྱག་འཚལ་ལོ།། འཇིག་རྟེན་བླ་མ་སྲིད་པ་གསུམ་གྱི་བསྟོད་པ་བོ།། ལྷ་ཡི་གཙོ་བོ་བདུད་དང་ཚངས་པའི་བསྟོད་པ་བོ།། ཐུབ་པའི་རྒྱལ་མཆོག་བསྟོད་པའི་གྲུབ་པར་མཛད་པ་པོ།། འཇིག་རྟེན་གསུམ་གྱི་མགོན་པོ་མཆོག་ལ་ཕྱག་འཚལ་ལོ།། བདེ་གཤེགས་དཔག་མེད་སྐུ་སྟེ་སྐུ་བཟང་འཛིན་པ་པོ།། བདེ་གཤེགས་སྣང་བ་མཐའ་ཡས་དབུ་རྒྱན་འཛིན་པ་པོ།། ཕྱག་གཡས་མཆོག་སྦྱིན་ཡི་དྭགས་བཀྲེས་སྐོམ་སེལ་པ་བོ།། ཕྱག་གཡོན་གསེར་གྱི་པདྨས་རྣམ་པར་བརྒྱན་པ་བོ།། དྲི་ཞིམ་རལ་བའི་ཕྲེང་བ་དམར་སེར་འཕྱུག་པ་བོ།། ཞལ་རས་རྒྱས་བ་ཟླ་བ་ལྟ་བུར་འཛིན་པ་བོ།། སྤྱན་གྱི་པདྨོ་མཆོག་ཏུ་བཟང་ཞིང་ཡངས་པ་བོ།། ཁ་བ་དུང་ལྟར་རྣམ་དཀར་དྲི་ངད་ལྡན་པ་བོ།། དྲི་མེད་འོད་ཆགས་མུ་ཏིག་ཚོམ་བུ་འཛིན་པ་བོ།། མཛེས་པའི་འོད་ཟེར་སྐྱ་རེངས་དམར་པོས་བརྒྱན་པ་བོ།། པདྨའི་མཚོ་ལྟར་ཕྱག་ནི་མངར་བར་བྱས་པ་བོ།། སྟོན་ཀའི་སྤྲིན་གྱི་མདོག་དང་ལྡན་ཞིང་གཞོན་པ་བོ།། རིན་ཆེན་མང་པོས་དཔུང་པ་གཉིས་ནི་བརྒྱན་པ་པོ།། ལོ་མའི་མཆོག་ལྟར་ཕྱག་མཐིལ་གཞོན་ཞིང་འཇམ་པ་པོ།། རི་དྭགས་པགས་པས་ནུ་མ་གཡོན་པ་བཀབ་པ་པོ།། སྙན་ཆ་གདུ་བུས་སྒེག་ཅིང་རྒྱན་རྣམས་འཆང་པ་པོ།། དྲི་མ་མེད་པའི་པདྨའི་མཆོག་ལ་གནས་པ་པོ།། ལྟེ་བའི་ངོས་ནི་པདྨའི་འདབ་ལྟར་འཇམ་པ་པོ།། གསེར་གྱི་སྐ་རགས་མཆོག་ལ་ནོར་བུས་སྤྲས་པ་པོ།། སྟ་ཟུར་དཀྲིས་པའི་རས་བཟང་ཤམ་ཐབས་འཛིན་པ་པོ།། ཐུབ་པའི་མཁྱེན་མཆོག་མཚོ་ཆེན་ཕ་རོལ་ཕྱིན་པ་པོ།། མཆོག་བརྙེས་བསོད་ནམས་མང་པོ་ཉེ་བར་བསགས་པ་པོ།། རྟག་ཏུ་བདེ་བའི་འབྱུང་གནས་རྒ་ནད་སེལ་བ་པོ།། གསུམ་མཐར་མཛད་ཅིང་མཁའ་སྤྱོད་སྤྱོད་པ་སྟོན་པ་པོ།། ལུས་ཅན་མཆོག་སྟེ་བདུད་དཔུང་འཁྲུགས་ལས་རྒྱལ་བ་བོ།། གསེར་གྱི་རྐང་གདུང་སྒྲ་ཡིས་ཞབས་ཡིད་འོང་བ་བོ།། ཚངས་པའི་གནས་་བཞི་ཡིས་དབེན་པར་མཛད་པ་པོ།། ངང་བའི་འགྲོས་འདྲ་གླང་ཆེན་དྲེགས་ལྟར་གཤེགས་པ་པོ།། ཡོངས་རྫོགས་ཉེ་བར་བསགས་ཤིང་བསྟན་པ་གཉེར་བ་བོ།། འོ་མའི་མཚོ་དང་ཆུ་ཡིས་མཚོ་ལས་སྒྲོལ་བ་བོ།། གང་ཞིག་རྟག་ཏུ་ཐོ་རེངས་ལངས་ནས་གུས་པ་ཡིས།། སྤྱན་རས་གཟིགས་ཀྱི་དབང་པོ་ཡིད་ལ་སེམས་བྱེད་ཅིང་།། བསྟོད་པའི་མཆོག་འདིས་དག་ཅིང་གསལ་བར་བསྟོད་བྱེད་ན།། དེ་ནི་སྐྱེ་བའམ་བུད་མེད་ཡིན་ཡང་རུང་།། སྐྱེས་བ་འདིའམ་མ་འོངས་སྐྱེས་པ་ཐམས་ཅད་དུ།། འཇིག་རྟེན་འཇིག་རྟེན་ལས་འདས་དགོངས་པ་ཀུན་འགྲུབ་གྱུར།། ཅེས་བསྟོད་གསུམ་ལྔ་བདུན་སོགས་འདོན།མཇུག་ཏུ། དགེ་བ་འདི་ཡིས་སོགས་སྨོན་ལམ་དག་པས་མཚམས་སྦྱོར་བྱ། མཐར་རྟེན་ཡོད་ན་མདུན་དུ་བསྐྱེད་བརྟན་བཞུགས་བྱ། མེད་ཚེ་མི་དམིགས་ན་སྟོང་བར་སྦྱངས་ལ་ཤིས་པ་བརྗོད་པས་མཐའ་བརྒྱན་པར་བྱའོ།། འདི་ནི་རི་ཁྲོད་པ་དགེ་སློང་བསྟན་འཛིན་གྱི་འདོད་མོས་བཞིན་བསྡུས་ཏེ། གྱི་ན་བ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་སྦྱར་བའོ།།ན་མོ་གུ་རུ་ཨརྱ་ལོ་ཀེ་ཤྭ་ར་ཡ། རྒྱལ་ཀུན་སྙིང་རྗེའི་རང་གཟུགས་སྤྱན་རས་གཟིགས།། ཐུགས་རྗེའི་གཏེར་ཆེན་ཕྱག་ན་པདྨོ་ཡིས།། བདག་གི་སྒོ་གསུམ་ནོངས་པ་ཅི་མཆིས་པ།། ལྷག་མེད་བྱང་ཞིང་དག་པར་མཛད་དུ་གསོལ།། ཁྱད་པར་གཉིད་དང་བག་མེད་རྣམ་གཡེང་སོགས།། མི་དགེ་སྡིག་པའི་ལས་ཀྱི་དབང་གྱུར་ཏེ།། སྔགས་བཟླས་ཆོ་ག་ནོར་ཞིང་འཁྲུལ་བ་སོགས།། ཐུགས་རྗེ་ཤུགས་ཀྱིས་དག་པར་མཛད་དུ་གསོལ།། སྒོ་གསུམ་བྱ་བ་གང་དང་གང་བགྱིས་བ།། དེ་དག་ཐམས་ཅད་འཕགས་མཆོག་ཐུགས་རྗེའི་མཐུས།། གཅིག་ཏུ་གཞན་དོན་ཁོ་ནར་འགྲོ་བ་དང་།། མཁའ་ཁྱབ་བསྟན་འགྲོར་སྨན་པའི་རྒྱུར་གྱུར་ཅིག། ཅེས་པ་འདི་ནི་དགེ་སློང་དགེ་འདུན་ཕུན་ཚོགས་ཀྱིས་བསྐུལ་ངོར། རྣམ་གཡེང་གི་ཁོལ་བོ་ལ་འཇིགས་མེད་འཕྲིན་ལས་རྒྱ་མཚོས་བྲིས་པས་སོ།།

ཉེ་བའི་གསར་བསྒྱུར།