ཁྱེད་ཀྱི་གནས་ཡུལ་ནི། མདུན་ཤོག > ཚན་རྩལ། > ཉེར་མཁོའི་ཤེས་བྱ།

ཟུར་སྣོན་ནི་དྲ་ཐོག་གི་ཉེན་ཁའི་འབྱུང་ཁུངས་ཡིན།

སྤེལ་དུས། 2012-11-22 09:59:57  རྩོམ་ཁུངས། ངེད་དྲ་བ།  རྩོམ་པ་པོ། བསྟན་འཛིན་སྒྲོལ་མ།  ཀློག་གྲངས།

        སྙུག་ཤོག་དང་སྣག་ཚ་ནས་གློག་ཀླད་རྩིས་འཁོར་དང་ལག་ཁྱེར་ཁ་པར་བེད་སྤྱོད་གཏོང་བའི་དུས་རབས་གསར་བའི་འཕེལ་རྒྱས་ཀྱི་ཡོ་ལང་འདིའི་ཁྲོད་དུ་མི་བུ་སྒེར་དང་། སྤྱི་ཚོགས། རྒྱལ་ཁབ། ཐ་ན་འཛམ་གླིང་ཧྲིལ་པོའི་བྱ་གཞག་ཆེ་ཆུང་ཡོད་ཚད་དྲ་རྒྱའི་མཐུན་རྐྱེན་དང་ཁ་འབྲལ་ཐབས་མེད་པ་ལྟ་བུ་ཆགས་ཡོད་ལ། གློག་ཀླད་དྲ་རྒྱ་དང་འབྲེལ་འདྲིས་ཉིན་རེ་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་པའི་ད་ལྟའི་འགྱུར་འགྲོས་ཀྱི་ཁ་ཕྱོགས་གསར་བ་འདིའི་དབང་གིས་འགྲོ་བ་མིའི་རིགས་ཀྱི་ཉིན་རེའི་བྱེད་སྒོ་ཡོད་ཚད་ཀྱང་དྲ་རྒྱའི་མཐུན་རྐྱེན་གྱིས་སྟངས་འཛིན་དང་ཁ་ལོ་བསྒྱུར་འགོ་ཚུགས་ཡོད།

        ཟས་གོས་གནས་མལ་གསུམ་ནི་མེད་དུ་མི་རུང་བའི་འགྲོ་བ་མིའི་འཚོ་སྡོད་ཀྱི་གཞི་རྩའི་གྲུབ་ཆ་གལ་ཆེན་དག་ཡིན་པ་བཞིན། གློག་ཀླད་དྲ་རྒྱ་ཡང་བརྡ་འཕྲིན་གྱི་དུས་རབས་ཁྲོད་དུ་འཚོ་བ་སྐྱེལ་བཞིན་པའི་དེང་གི་དུས་ཀྱི་འགྲོ་བ་མིའི་རིགས་ཀྱི་འཚོ་བའི་དགོས་མཁོ་གལ་ཆེ་ཤོས་དེ་ཆགས་ཡོད། དེ་ཡང་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་ནག་ལྟ་བུ་ལ་མཚོན་ན་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་མི་གྲངས་བྱེ་བ་ལྔ་བཅུ་ལྷག་དང་ཁྱད་ཆོས་སྣ་ཚོགས་འཛོམས་པའི་ལག་ཐོགས་ཁ་པར་བཀོལ་སྤྱོད་གཏོང་མཁན་བྱེ་བ་བཅུ་དགུ་ཙམ་ཡོད་རུང་། དྲ་ཐོག་གི་བདེ་འཇགས་འགྲུལ་བཞུད་ཀྱི་སྐོར་ལ་ཤེས་བྱ་ཡོད་མཁན་ཧ་ཅང་ཉུང་ཉུང་ཡིན། མི་མང་པོས་ཉིན་རེ་རེར་དུས་ཚོད་མང་པོ་ཞིག་དྲ་རྒྱའི་ཐོག་ཏུ་གཏོང་གི་ཡོད་རུང་། དྲ་ཐོག་གི་མཉེན་འབུའི་སྐོར་ལ་དམིགས་བསལ་གྱི་སློབ་སྦྱོང་དང་གོ་རྟོགས་ཞན་དྲགས་པའི་དབང་གིས། དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་མི་བུ་སྒེར་དང་ཚོགས་སྡེ་གང་མང་ཞིག་ལ་མཉེན་འབུའི་གནོད་སྐྱོན་གཙོས་དྲ་ཐོག་གི་འཇབ་རྒོལ་རབ་དང་རིམ་པ་གང་མང་ཞིག་ཐེབས་དང་ཐེབས་མུས་ཡིན་པ་ནི་མིག་མཐོང་ལག་ཟིན་གྱི་དོན་གནད་བསྙོན་མེད་ཅིག་ཡིན།

        ད་ལྟའི་དུས་སུ་མི་རྣམས་ཀྱིས་ཉིན་རེའི་ལས་དོན་མང་པོ་ཞིག་དྲ་ཐོག་ནས་སྒྲུབ་ཀྱིན་ཡོད་ལ། དམིགས་བསལ་གློག་འཕྲིན་བརྒྱུད་ནས་མི་གཞན་ལ་འཕྲིན་ཡིག་གཏོང་བ་ཙམ་མ་ཡིན་པར། འདྲ་པར་དང་ཡིག་ཆའི་རིགས་འདྲ་མིན་ཡང་ཟུར་སྣོན་གྱི་ངོ་བོའི་ཐོག་གློག་འཕྲིན་དང་མཉམ་དུ་སྦྱར་ནས་གཏོང་སྲོལ་ཡོད། འོན་ཀྱང་གློག་འཕྲིན་བེད་སྤྱོད་གཏོང་མཁན་མི་ཉུང་བ་ཞིག་གིས་ཟུར་སྣོན་ནི་ཡིག་ཆ་འདྲ་མིན་བསྐུར་བྱེད་ཀྱི་སྟབས་བདེའི་ཡོ་བྱད་ཅིག་མ་གཏོགས། ཉེན་ཚབས་རང་བཞིན་ལྡན་པའི་མཉེན་འབུ་མང་པོ་ཞིག་ཟུར་སྣོན་གྱི་རིགས་བརྒྱུད་ནས་རང་ཉིད་ཀྱི་གློག་ཀླད་ནང་དུ་འཛུལ་གྱི་ཡོད་པ་ཁྱོན་ནས་ཤེས་རྟོགས་ཐུབ་ཀྱི་མེད། ཟུར་སྣོན་གྱི་སྐོར་ལ་ཤེས་བྱ་ཉུང་དྲགས་པའི་གནས་སྟངས་དེའི་འོག་ཏུ་དྲ་རྒྱ་བེད་སྤྱོད་གཏོང་མཁན་གྱི་གང་ཟག་རང་ཉིད་གཅིག་པུ་ཙམ་མ་ཡིན་པར་སོ་སོའི་ཉེ་འཁོར་གྱི་གྲོགས་པོ་དང་ནང་མི་སོགས། རང་ཉིད་དང་འབྲེལ་འདྲིས་ཡོད་པའི་མི་མང་པོ་ཞིག་ཉེན་ཁའི་གནས་སུ་བསྐྱལ་གྱི་ཡོད། གང་ཡིན་ཞེ་ན། ང་ཚོ་ཚང་མར་རྒྱུས་མངའ་ཡོད་པ་ལྟར། མི་མང་པོ་ཞིག་གིས་ཐེངས་གཅིག་ཙམ་མ་ཡིན་པར་རང་ཉིད་ཀྱི་གློག་འཕྲིན་དང་ལྷན་དུ་འབྱོར་བའི་ཟུར་སྣོན་གྱི་རིགས་ཡོངས་རྫོགས་ག་དུས་ཡིན་ཡང་ལམ་སེང་ཕབ་ལེན་བྱས་ནས་ལྟ་ཀློག་བྱེད་པར་གོམས་ལོབས་སུ་སོང་ཡོད། ཡིན་ཡང་ཤེས་དགོས་པའི་གནད་དོན་གལ་ཆེན་ཞིག་ནི་དྲ་ཐོག་ཏུ་ལས་འགུལ་རྩོམ་མཁན་གྱི་མི་བུ་སྒེར་དང་ཚོགས་སྡེ་ཁག་ནི་དྲ་རྒྱའི་གནོད་འཚེ་གཏང་ཡུལ་ལྟེ་བ་དེ་ཆགས་ཀྱི་ཡོད་ལ། དྲ་ཐོག་གི་ཉེན་ཁ་དང་གནོད་འཚེ་དེ་དག་ཡོང་སའི་སྤྱི་ཡོངས་ཀྱི་ལམ་ཁ་གཅིག་ནི། དྲ་འབུ་བསྐུངས་བའི་ཟུར་སྣོན་ཅན་གྱི་གློག་འཕྲིན་དག་ཡིན། སྤྱིར་བཏང་ནས་དྲ་འབུ་བསྐུངས་བའི་ཟུར་སྣོན་དེ་རིགས་རང་ཉིད་ཀྱི་ངོ་ཤེས་གྲོགས་པོ་སོགས་སུ་བརྫུས་ནས་བཏང་ཡོང་གི་རེད་ལ། དོན་དངོས་ཐོག་ཟུར་སྣོན་དེ་དག་ནི་རངཉིད་ལ་གནོད་འཚེ་གཏོང་མཁན་གྱི་དྲ་འབུ་ཤ་སྟག་ཡིན། དེར་བརྟེན། རང་ཉིད་ཀྱི་གློག་འཕྲིན་ཡིག་ཟམ་ནང་འབྱོར་བའི་ཟུར་སྣོན་གྱི་རིགས་ཚང་མ་ཁ་འབྱེད་པའམ་ཕབ་ལེན་བྱེད་པ་ནི་དགྲ་བོའི་གསང་མྱུལ་བ་ཅི་རིགས་རང་ཉིད་ཀྱི་གློག་ཀླད་ནང་དུ་མགྲོན་འབོད་བྱས་ནས་སོ་སོའི་དྲ་ཐོག་གི་ལས་དོན་ཡོངས་རྫོགས་ལ་སོ་ལྟ་བྱེད་དུ་བཅུག་པ་དང་གཅིག་མཚུངས་ཡིན།

        ཟུར་སྣོན་གྱི་ཉེན་ཁ་དང་དེ་སྔོན་འགོག་བྱེད་ཐབས་སྐོར་གྱི་བརྙན་པར་ལ་གཟིགས་འདོད་ཡོད་ཚེ། དྲ་ཐག་ http://v.youku.com/v_show/id_XMzc1MzcwNDc2.htmlའདིའི་ཐོག་ལ་བསྣུན།

 

གློག་འཕྲིན་ཡིག་ཟམ་ནང་འབྱོར་བའི་ཟུར་སྣོན་ཁ་འབྱེད་པ་དང་ཕབ་ལེན་བྱེད་པ་དེས་གསང་མྱུལ་བར།

        གཅིག ཁྱེད་ཀྱི་གློག་ཀླད་མ་ལག་ནས་སྒེར་གྱི་གནས་ཚུལ་དང་གསང་བའི་ཡིག་ཆ་ཡོངས་རྫོགས་བརྐུ་འཁྱེར་བྱེད་ཏུ་འཇུག་གི་ཡོད།

       གཉིས། ཁྱེད་ཀྱི་གློག་ཀླད་སྒང་གི་པར་ཆས་་ལ་སྟངས་འཛིན་བྱེད་དུ་བཅུག་ནས་ཁྱེད་ལ་ལྐོག་ལྟ་བྱེད་དུ་འཇུག་གི་ཡོད།

        གསུམ། ཁྱེད་ཀྱི་གློག་ཀླད་སྟེང་གི་ཁ་པར་བེད་སྤྱོད་གཏོང་དུ་བཅུག་ནས་ཁྱེད་ཀྱི་སྐད་ཆ་ལ་ལྐོག་ཉན་བྱེད་དུ་འཇུག་གི་ཡོད།

        ད་དུང་དེ་ཙམ་མ་ཟད་གསང་མྱུལ་བར་དེ་ལས་ལྷག་པའི་ཆེས་གནོད་འཚེ་ལྡན་པའི་བྱ་སྤྱོད་གང་མང་སྤེལ་དུ་འཇུག་གི་ཡོད་པས། མི་མང་པོའི་གཞི་རྩའི་བདེ་འཇགས་ལ་དོ་ཕོག་རྒྱ་ཆེར་གཏོང་གི་ཡོད། དེར་བརྟེན། རང་ཉིད་གཅིག་པུ་ཙམ་མ་ཡིན་པར་སོ་སོ་གནས་སའི་སྤྱི་ཚོགས་ཧྲིལ་པོའི་འཕྲལ་ཕུགས་ཀྱི་བདེ་འཇགས་ལ་དམིགས་ནས་དྲ་ཐོག་གི་མཉེན་འབུ་རིགས་འགོག་ཐབས་ཀྱི་ལམ་ཁ་གསར་བ་ཞིག་འཚོལ་རྒྱུ་ནི་སྐབས་བབ་ཀྱི་ལས་དོན་གལ་ཆེན་ཞིག་ཆགས་ཡོད།

        ཚང་མས་ངེས་པར་དུ་ཤེས་དགོས་པའི་དྲ་ཐོག་གི་ཤེས་བྱ་གཅིག་ནི་ཟུར་སྣོན་གཅིག་པུ་ཙམ་མ་ཡིན་པར། འདྲ་པར་དང་ཡིག་ཆ་འདྲ་མིན་སོགས་ལས་སླ་པོའི་ངང་ནས་བསྐུར་ཐུབ་པ་དང་བགོ་འགྲེམས་བྱེད་ཐུབ་པའི་ཚད་ལྡན་གྱི་ཡོ་ཆས་གཞན་པ་མང་པོ་ཡོད་པ་མ་ཟད། དེ་དག་ལ་དྲ་འབུའི་གནོད་འཚེ་དང་འབྲེལ་བའི་དྲ་ཐོག་གི་འཇབ་རྒོལ་སོགས་ཀྱི་དཀའ་ངལ་གང་ཡང་མེད། དེ་བས་ཟུར་སྣོན་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་པའམ་ཟུར་སྣོན་དང་གཏན་དུ་ཁ་འབྲལ་རྒྱུ་ནི་རང་གཞན་གཉིས་ཀའི་བདེ་འཇགས་ལ་སྨན་པའི་གདམ་ག་ཡག་ཤོས་དེ་ཡིན།
          དྲ་འབུ་སྔོན་འགོག་བྱེད་ཆེད་ཟུར་སྣོན་དང་ལོགས་སུ་ཐོན་པའི་ལམ་ཁ་མང་པོ་ཡོད་པ་གཤམ་གསལ།

        གཅིག རང་ཉིད་ཀྱི་གློག་འཕྲིན་ཡིག་ཟམ་ནང་འབྱོར་བའི་ཟུར་སྣོན་རིགས་ཁ་འབྱེད་པའམ་ཡང་ན་ཐད་ཀར་ཕབ་ལེན་མི་བྱེད་པར་སྣང་མེད་དུ་འཇོག་དགོས།

         གཉིས། རང་ཉིད་ཀྱི་གཉེན་ཉེ་གྲོགས་པོ་སོགས་ཀྱི་མིང་ཐོག་ནས་ཁྱེད་ལ་ཟུར་སྣོན་ཅན་གྱི་གློག་འཕྲིན་འབྱོར་ཚེ། དོན་ངོ་མར་གློག་འཕྲིན་དེ་ཁོང་ཚོས་བཏང་བ་ཡིན་མིན་ཁ་པར་དང་འཕྲིན་ཐུང་གི་ལམ་ནས་ངེས་གཏན་བཟོས་རྗེས། ད་གཟོད་ཕབ་ལེན་བྱེད་དགོས་མིན་ཐག་གཅོད་དགོས།

གསུམ། རང་ཉིད་ལ་འབྱོར་བའི་ཟུར་སྣོན་ཅན་གྱི་ཡིག་ཆ་དེ་གློག་འཕྲིན་གྱི་བརྗོད་བྱ་ལ་འཚག་སེལ་(scan)་ཞེས་བྲིས་ཏེ། virustotal.com བཏང་ནས་ཉེན་ཁའི་རིགས་ཀྱི་དྲ་འབུ་ཡོད་མེད་ཞིབ་བཤེར་དང་བརྟག་དཔྱད་བྱེད་དགོས།

        བཞི། གལ་ཏེ་ཁྱེད་ཀྱིས་རྗེ་མེལ་(Gmail)་བེད་སྤྱོད་གཏོང་གི་ཡོད་ཚེ། ཟུར་སྣོན་གྱི་རིགས་ཕབ་ལེན་མི་བྱེད་པར། གྷོ་རྒལ་གྱི་དམིགས་བསལ་མཐུན་རྐྱེན་preview སྒང་ལ་བསྣུན་ནས་ལྟ་ཀློག་བྱེད་དགོས།

        ལྔ། ཟུར་སྣོན་ལས་ལྷག་པའི་མཐུན་རྐྱེན་བཟང་པོ་ Google Doc དང་ www.dropbox.com ཡང་ན། www.ge.tt སོགས་བརྒྱུད་ནས་ཡིག་ཆ་འདྲ་མིན་བགོ་འགྲེམས་བྱེད་དགོས།

         དྲུག ཐོག་མར་རང་ཉིད་ནས་འགོ་ཚུགས་ཏེ་མི་གཞན་ལ་ཟུར་སྣོན་མི་གཏོང་བའི་གོམས་གཤིས་འཇགས་པར་བྱེད་དགོས་པ་མ་ཟད། སོ་སོའི་གྲོགས་པོ་དང་གཉེན་ཉེ་སོགས་ལའང་ཟུར་སྣོན་བེད་སྤྱོད་གཏོང་རྒྱུ་མཚམས་འཇོག་ཡོང་བའི་སྐུལ་མ་བྱེད་དགོས།

        མཐའ་དོན། གལ་པོ་ཆེ་ལ་ནན་ཏན་གྱི་ཚུལ་དུ་ཡང་བསྐྱར་གསལ་འདེབས་ཐེངས་ཤིག་ཞུ་རྒྱུར། ཟུར་སྣོན་ནི་དྲ་འབུ་ཡོང་སའི་སྒོ་མོ་དེ་ཡིན་པས། ཕུགས་རྒྱང་རིང་པོའི་དྲ་ཐོག་གི་བདེ་འཇགས་ཀྱི་སླད་དུ་ཟུར་སྣོན་རིགས་དང་གཏན་དུ་ཁ་འབྲལ་ཐུབ་པ་བྱེད་དགོས་ལ། ཉེན་ཁ་ཆེ་བའི་དྲ་འབུའི་གནོད་འཚེ་ཅི་རིགས་འགོག་རྒོལ་བྱེད་པ་ལ་ང་ཚོ་སྤྱི་སྒེར་ཚང་མས་གོང་འཁོད་ཀྱི་རེ་སྐུལ་དོན་ཚན་ཁག་སྣང་མེད་དུ་མ་བཞག་པར་ལག་ལེན་དུ་བསྟར་རྒྱུ་ནི་གནད་ཀྱི་དམ་པ་ཡིན་ནོ།།

ཉེ་བའི་གསར་བསྒྱུར།